གསུང་རབ་ཀྱི་སྐོར།
དམ་པའི་གསུང་རབ་ཀྱི་ནང་དུ་འཇིག་རྟེན་ཁམས་དང་འགྲོ་བ་མིའི་བྱུང་རབས། དེ་བཞིན་དུ་སྡིག་པ་དང་དཀའ་སྡུག་གི་ཐོག་མ་བྱུང་ཚུལ། ཐར་པའི་ལམ། མི་ཚེའི་མཐར་ཐུག་གི་ཐར་པ་དང་ཡུན་རིང་པོའི་བདེ་སྐྱིད་བཅས་གསལ་པོར་བཀོད་ཡོད།
དམ་པའི་གསུང་རབ་དང་བོད་མི་རིགས་ཀྱི་བར་ལ་འབྲེལ་བ་བྱུང་ནས་རྒྱུན་རིང་པོ་ཞིག་སོང་ཡོད་དེ། དེ་ཡང་ཐོག་མར་འཇར་མན་རྒྱལ་ཁབ་ཀྱི་སྐུ་ཞབས་མིང་ལ་ཅེ་ཞི་ཀེ་(Jaschke)ཞེས་པ་ཁོང་གིས་སྤྱི་ལོ་༡༨༥༧ལོ་ཡས་མས་སུ་ཞལ་ཆད་གསར་པ་བོད་ཡིག་ཏུ་བསྒྱུར་བའི་འགོ་བཙུགས། དུས་རབས་བཅུ་དགུ་པའི་ལོ་རབས་དྲུག་ཅུ་པའི་ནང་དུ་འཕྲིན་བཟང་བཞི་བོ་དང་སྐུ་ཚབ་པ་ཕོལ་ལོལ་གྱི་འཕྲིན་ཡིག་རྣམས་གྲ་སྒྲིག་ཚགས་ཚུད་བྱུང་། སྤྱི་ལོ་༡༨༧༤ལོར་བླ་ཟུར་བཟོད་པ་རྒྱལ་མཚན་ཚང་དང་འཇར་མན་པ་མཚན་ལ་རད་སི་ལོབ་(Redslob)ཞུ་བ་གཉིས་ཀྱིས་ལ་ཤུལ་(Lahaul)ལུང་པར་གཞུང་འདིའི་ཞལ་ཆད་རྙིང་པ་བོད་ཡིག་ཏུ་བསྒྱུར་བའི་འགོ་བཙུགས། སྤྱི་ལོ་༡༨༨༣ལོར་སྐུ་ཞབས་རད་སི་ལོབ་(Redslob)ལགས་ཀྱིས་ཞལ་ཆད་གསར་པའི་ཨིབ་རི་པ་དང་མངོན་པའི་མདོ་གཉིས་བོད་བསྒྱུར་གནང་། སྤྱི་ལོ་༡༨༨༥ལོར་ཞལ་ཆད་གསར་པའི་བོད་འགྱུར་ཐོག་མ་ཡོངས་སུ་གྲུབ་ནས་འཇར་མན་གྱི་པུར་ལན་གྲོང་ཁྱེར་དུ་པར་བཏབ། ཕྱིས་སུ་བླ་ཟུར་རྒན་བསོད་ནམས་དབང་རྒྱལ་ལགས་སྤྱི་ལོ་༡༨༨༨ལོར་གཞུང་ཡིག་སྒྱུར་གྱི་ལས་ལ་ཞུགས། སྤྱི་ལོ་༡༩༡༩ལོ་ནས་བཟུང་རྒན་བསོད་ནམས་དབང་རྒྱལ་ལགས་ཀྱི་བུ་ཚེ་བརྟན་ཞེས་བྱ་བ་སྟེ། དགེ་རྒན་ཡོ་སེབ་ཅེས་ཀྱང་འབོད་པ་ཁོང་གིས་རང་གི་ཡབ་ལགས་ཀྱི་ལས་ཀ་རྒྱུན་བསྐྱངས་ནས་དམ་པའི་གསུང་རབ་ཡིག་སྒྱུར་གྱི་ལས་ལ་ཞུགས། འཇར་མན་གྱི་མཁས་པ་ཧྥུ་རན་ཁུ་(A.H.Francke)ཞེས་པ་དང་མཉམ་དུ་ཞལ་ཆད་རྙིང་པ་བོད་ཡིག་ལ་བསྒྱུར། སྐུ་ཞབས་བྷ་བུ་མཐར་ཕྱིན་ལགས་དང་མིང་ལ་མག་དོ་ནལ་དི་(MacDonald)ཞེས་པ་རྣམ་གཉིས་ཀྱིས་ཞལ་ཆད་རྙིང་པ་ལ་ཞུ་དག་གནང་མཐར། དམ་པའི་གསུང་རབ་ཀྱི་གཞུང་ཆ་ཚང་བཞུགས་པའི་བོད་ཡིག་གི་འགྱུར་ཐོག་མ་ནི་༡༩༣༦ལོར་གྲུབ་ཅིང་༡༩༤༨ལོར་ཕ་ཁི་སི་ཐན་གྱི་ལོ་ཧོར་གྲོང་ཁྱེར་དུ་དཔར་སྐྲུན་མཛད། པར་གཞི་དེ་ནི་ཞལ་ཆད་གསར་རྙིང་གཉིས་སུ་བཀའ་བསྡུ་མཛད་པའི་དམ་པའི་གསུང་རབ་ཆ་ཚང་ཕྱག་བྲིས་བྱས་ནས་བོད་ཡིག་ནང་དཔར་སྐྲུན་གནང་བ་ཐེངས་དང་པོར་ཆགས་ཡོད་དོ། །
མཐར་བོད་གཞིས་བྱེས་ཡོངས་ལ་དཀོན་མཆོག་གི་བྱིན་རླབས་འཛད་མེད་དུ་འཐོབ་པའི་སྨོན་འདུན་དང་བཅས། དམ་པའི་གསུང་རབ་བོད་འགྱུར་གསར་མའི་རྩོམ་སྒྲིག་སྡེ་ཚན་ནས་ཟླ་ཚེས་བཟང་པོར་གུས་ཕུལ།
༢༠༢༤ལོའི་སྤྱི་ཟླ་དང་པོའི་ཚེས་༡ཉིན།